- ID:
- T228206
-
རྒྱལ་བ་ཐུབ་བསྟན་རྒྱ་མཚོ
(Tibetan, Tibetan script, Original)
- > rgyal ba thub bstan rgya mtsho (Tibetan, Latin script, Transliteration-THL Extended Wylie Transliteration)
- > gyalwa tubten gyatso (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries
1. Thupten Phuntsok Dictionary
(ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ) ཁོང་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་ཆོས་སྲིད་རིག་གནས་གང་ཅིའི་ཐད་ལ་གཞན་འགྲན་མེད་པའི་མཁྱེན་དཔྱོད་དང་དགོངས་པ་ཟབ་ལ་དཀྱེལ་ཆེ་བ་དང་། དུས་བབས་ཀྱི་འགྱུར་ལྡོག་ལ་ཚོད་དཔག་གནང་མཁས་པ། བཙན་ཤུགས་ཆེ་བའི་ཕྱི་ནང་གི་དགྲ་བོ་དང་། བཟློག་ཐབས་བྲལ་བའི་དཀའ་ངལ་གང་ལའང་ཞུམ་པ་མེད་པའི་ཐུགས་སྟོབས་བརྟན་པའི་སྒོ་ནས་རྒྱལ་ཁ་ལེན་ཕོད་པར་མཛད་མཁས་པ་ཞིག་ཡིན། ཁོང་རབ་བྱུང་བཅོ་ལྔ་པའི་མེ་བྱི (༡༨༧༩) ལོར་དྭགས་པོ་གླང་མདུང་དུ་ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་བྱ (༡༩༣༣) ལོར་སྐུ་གཤེགས། དགུང་ལོ་ང་བརྒྱད་ལ་བཞུགས།
Further Details- Language:
- Tibetan
2. ming mdzod gangs can mkhas grub rim byon ming mdzod
ཁོང་ནི་རབ་བྱུང་བཅོ་ལྔ་པའི་མེ་ཕོ་བྱི་ལོ་སྟེ་སྤྱི་ལོ 1876 ལོར་དྭགས་པོ་སྣང་རྫོང་གླང་མདུན་དུ་ཡབ་ཀུན་དགའ་རིན་ཆེན་དང་། ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་དྲུག་པའི་ཆུ་མོ་བྱ་ལོ་སྟེ་སྤྱི་ལོ 1933 ལོར་སྐུ་གཤེགས། པཎ་ཆེན་བསྟན་པའི་དབང་ཕྱུག་གི་གསུང་བརྟག་དང་། གནས་ཆུང་ཆོས་སྐྱོང་གི་བཀའ་ལུང་། ཆོས་འཁོར་རྒྱལ་ལྷ་མོ་བླ་མཚོའི་གཟིགས་སྣང་བཅས་ཀྱི་ཐོག་ནས་རྒྱལ་བ་འཕྲིན་ལས་རྒྱ་མཚོའི་ཡང་སྲིད་ཡིན་པར་ངེས་བརྙེད་ཐོབ། དགུང་ལོ་གཉིས་པར་ཚལ་གུང་ཐང་དུ་པཎ་ཆེན་རིན་པོ་ཆེས་གཙུག་ཕུད་བཞེས་ཏེ་མཚན་ལ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། དགུང་ལོ་བཞི་པར་རྩེ་ཕོ་བྲང་ཆེན་མོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། དགུང་ལོ་བདུན་པར་སྲིད་སྐྱོང་རྟ་ཚག་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་མཁན་སློབ་སྦྲགས་མ་དང་། ཕུར་ལྕོག་བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོས་དུས་གོ་བ་མཛད་དེ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་ཡོངས་འཛིན་རྟ་ཚག་དང་ཕུར་ལྕོག་གཉིས་ལས་གཞུང་ལུགས་རབ་འབྱམས་ལ་སློབ་གཉེར་[394]མཛད། དགུང་ལོ་ཉི་ཤུ་པར་ཡོངས་འཛིན་ཕུར་ལྕོག་ལས་བསྙེན་པར་རྫོགས། ལོ་དེར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས། དགུང་ལོ་ཉེར་བཞི་པར་ལྷ་རམས་པའི་མཚན་བཏགས་བཞེས། དགུང་ལོ་ཉེར་དགུ་པར་དབྱིན་ཇི་བཙན་འཛུལ་པ་ལ་བྱོལ་ནས་སོག་ཡུལ་དུ་ཕེབས་ཏེ་ལོ་ངོ་གསུམ་ལ་བཞུགས། དགུང་ལོ་སོ་གསུམ་པར་པེ་ཅིན་དུ་ཕེབས་ཏེ་གོང་མ་ཀྭང་ཞུ་དང་། རྒྱལ་ཡུམ་ཚི་ཞི་གཉིས་ལ་མཇལ་འཛོམས་མཛད། གོང་མས་ “ནུབ་ཕྱོགས་སྙིང་རྗེ་རྒྱལ་པོ་སྐྱེས་བུ་སངས་རྒྱས” ཞེས་པའི་གསེར་གྱི་པང་ལེབ་བསྩལ། དགུང་ལོ་སོ་བཞི་པར་བྱང་ལམ་བརྒྱུད་ནས་ལྷ་སར་ཕེབས། དགུང་ལོ་སོ་ལྔ་པར་རྒྱ་གར་དུ་ཕེབས་ཏེ་གནས་མང་མཇལ། དགུང་ལོ་སོ་བདུན་པར་བོད་དུ་ཕེབས་ཏེ་ཕོ་བྲང་ཆེན་མོར་ཞབས་སོར་འཁོད། དགུང་ལོ་ཞེ་ལྔ་པར་བཀའ་འགྱུར་དང་གསུང་འབུམ་པར་བརྐོས་ནས་པར་ཤིང་གསར་དུ་བསྐྲུན། པར་ཁང་གསར་དུ་བཞེངས་ཏེ་གངས་ཅན་ཕན་བདེའི་གཏེར་མཛོད་གླིང་ཞེས་འདོགས་པར་མཛད། ལྷ་ས་བསྟན་གླིང་ཉེ་འདབས་སུ་སྨན་རྩིས་ཁང་གསར་དུ་བཙུགས་མཛད་པས་གསོ་རིག་ལས་དོན་གོང་ནས་གོང་དུ་འཕེལ་ལོ། ཁོང་ནི་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཡིན། ཁོང་གི་གསུང་རྩོམ་ནི་ཁྱོན་བསྡོམས་པར་ཤིང་དུ་འཁོད་པར་པོད་ལྔ་ཡོད། པོད་དང་པོ་ཕུར་ལྕོག་རིན་པོ་ཆེའི་རྣམ་ཐར་སོགས་ཡིན། པོད་གཉིས་པ་གསུང་བཤད་ལྗགས་སྒྲིག་ལེ་ཚན་ཡིན། པོད་གསུམ་པ་སྙན་ངག་མེ་ལོང་གི་དཔེར་བརྗོད་ཆ་ཚང་ཡིན། པོད་བཞི་པ་དགོན་སྡེ་ཁག་གི་བཅའ་ཡིག་དང་རྩ་ཚིག་སོགས་ཡིན། པོད་ལྔ་པར་གསན་ཡིག་སྐོར་[395]དང་། དཀར་ཆག་སོགས་ཡིན།
Further Details- Language:
- Tibetan
- Phoneme: