Skip to main content Skip to search
nor bu gling ga
ID:
T235086
  • ནོར་བུ་གླིང་ག (Tibetan, Tibetan script, Original)
    • >  nor bu gling ga (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  norbu lingga (Tibetan, Latin script, Transcription-THL Simplified Tibetan Transcription)
Other Dictionaries

Other Dictionaries

1. Thupten Phuntsok Dictionary

ནོར་བུ་གླིང་གནི་གནའ་བོའི་གྲོང་ཁྱེར་ལྷ་སའི་གཡུའི་ཕྲ་ཚོམ་ཞིག་དང་འདྲ་བས་ལྗོངས་ནང་ཁུལ་ཙམ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་དུ་མའི་སེམས་པ་དབང་མེད་དུ་འགུགས་པའི་གནས་མཆོག་མཛེས་སྡུག་ལྡན་པ་ཞིག་ཡིན། གནའ་བོའི་དུས་སུ་ད་ལྟའི་ནོར་གླིང་ཆགས་ཡུལ་དེ་ནི་གླ་བ་ལ་སོགས་པའི་ནགས་ཚལ་སྟུག་པར་དཀྲིགས་པའི་དབུས་སུ་དྭངས་ཤིང་གཙང་བའི་ཆུ་ཕྲན་ལྷུང་ལྷུང་དུ་བབས་པ་དང་འདབ་ཆགས་སྣ་ཚོགས་སྐད་སྙན་འགྱུར་ཞིང་། རི་དྭགས་དང་གཅན་གཟན་ཡང་ཐར་ཐོར་དུ་གནས་པའི་རང་བྱུང་གི་གནས་དབེན་ཞིང་ཉམས་དགའ་བ་ཞིག་ཡིན་པ་དེར་གནའ་དུས་སུ་གླ་བ་ཚལ་དུ་འབོད། དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་དབྱར་དུས་སུ་གནས་དེར་དབུ་གུར་ཕུབ་ནས་ཆབ་ཞུགས་སྤྲོ་གསེང་ལ་བྱོན་མྱོང་བ་དང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ཐོག་མ་འབྲས་སྤུངས་སུ་བཞུགས་པའི་སྐབས་གནས་དེར་ཆབ་ཞུགས་འཕྲོད་བཞེས་གནང་གི་ཡོད་པས་ཁོང་གིས་སྲིད་དབང་བཞེས་རྗེས་སྐུ་ཚེའི་སྨད་དུ་ཞབས་ལ་འབམ་གྲུམ་གྱི་སྙུན་གཞི་ཕོག་པར་བརྟེན། དེར་ཆབ་ཞུགས་དང་ཆབ་རྫིང་བཟོ་སྐྲུན་བྱས་ནས་ཆབ་བཞེས་ཐེངས་མང་གནང་བས་སྙུན་གཞིར་ཕན་འབྲས་ཐོན། རབ་བྱུང་བཅུ་གསུམ་པའི་ཤིང་ཕག (༡༧༥༥) ལོར་ཆབ་ཞུགས་མཛད་ཡུལ་གྱི་ཤར་ངོས་སུ་ཕོ་བྲང་ཐོག་ཚད་གཉིས་པ་ཡོད་པ་ཞིག་གསར་སྐྲུན་མཛད་པར་རྒྱལ་བའི་མཚན་དེ་ཕོ་བྲང་ལ་ཐོགས་ནས་བསྐལ་བཟང་ཕོ་བྲང་དུ་གྲགས། དེ་ནི་ནོར་གླིང་སུ་ཕོ་བྲང་སྐྲུན་པའི་ཐོག་མ་ཡིན་ཞིང་། དུས་དེ་ནས་བཟུང་དབེན་ཞིང་ཉམས་དགའི་ནོར་གླིང་དེ་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སྐུ་ན་ཆུང་ངུའི་སྐབས་གསན་བསམ་མཛད་ཡུལ་དང་སྲིད་དབང་བཞེས་རྗེས་ཀྱི་དབྱར་དུས་བཞུགས་གནས་སུ་གྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་སྐབས་སུ་བསྐལ་བཟང་ཕོ་བྲང་བྱང་ངོས་ཀྱི་ཆོས་ར་དང་། མཚོ་དཀྱིལ་ཕོ་བྲང་ཀླུ་ཁང་དང་བཅས་པ། ནུབ་ངོས་ཀྱི་གྲུ་འཛིན་ཕོ་བྲང་། ཕོ་བྲང་དེ་དག་གི་མཐའ་འཁོར་ལྕགས་རི་སེར་པོ་བཅས་གསར་བསྐྲུན་གནང་ཞིང་ར་བའི་ནང་དུ་མེ་ཏོག་དང་ཤིང་སྣ་འབོར་ཆེན་འདེབས་འཛུགས་གནང་བ་བཅས་ཀྱིས་ནོར་གླིང་འདི་ཉིད་ཡིད་དུ་འོང་བའི་སྐྱེད་ཚལ་ཞིག་ཏུ་གྱུར། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་སྐབས་སུ་ཉམས་གསོ་དང་ཁ་སྣོན་གང་འཚམས་མཛད་པ་དང་། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐབས་ནོར་གླིང་དུ་གཞི་ཁྱོན་ཆེ་བའི་བཟོ་སྐྲུན་རྒྱ་སྐྱེད་གནང་སྟེ་ཐོག་མར་བསྐལ་བཟང་ཕོ་བྲང་དང་མཚོ་དཀྱིལ་ཕོ་བྲང་ལྗོངས་ཁུལ་ཁག་གཉིས་ལ་ཉམས་གསོ་རྒྱ་སྐྱེད་གནང་སྟེ་བསྐལ་བཟང་ཕོ་བྲང་ཡང་སྟེང་ཐོག་སོ་གཅིག་སྤར་སྟེ་སུམ་ཐོག་གཟིམ་ཆུང་གསར་བཞེངས་དང་། མཚོ་དཀྱིལ་ཕོ་བྲང་གི་ཆུ་རྫིང་རྒྱ་སྐྱེད་ཐོག་རྒྱ་རྡོའི་རགས་རྩིག་དང་སྒྲོམ་སྐྱོར་གསར་སྐྲུན་མཛད། སླར་རབ་བྱུང་བཅོ་ལྔ་པའི་ཆུ་ཁྱི (༡༩༢༢) ལོ་ནས་དབུ་འཛུགས་ཀྱིས་ནོར་གླིང་ནུབ་ངོས་ཀྱི་ས་སྟེང་ཐོག་སྤྱན་གསལ་ཕོ་བྲང་དང་། བསྐལ་བཟང་ཕོ་བྲང་། བསྐལ་བཟང་བདེ་འཁྱིལ་ཕོ་བྲང་མ་ལག་བཅས་པ་གསར་སྐྲུན་མཛད་པ་མ་ཟད་ནོར་གླིང་ཁོར་ཡུག་གི་ལྕགས་རི་ཆེན་མོ་ཡང་ལེགས་པར་བསྐྲུན་ཏེ་ནོར་གླིང་གི་གཞི་ཁྱོན་སྔར་བས་ཆེ་བ་དང་ལྷག་པར་ཕུན་སུམ་ཚོགས་པར་གྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་སྐབས་ཐོག་མར་སྔོན་གྱི་རྨང་གཞིའི་ཐོག་ཕོ་བྲང་ཁམས་གསུམ་ཟིལ་གནོན་རྒྱས་སྐྲུན་གནང་བ་དང་། རབ་བྱུང་བཅུ་དྲུག་པའི་ཤིང་རྟ (༡༩༥༤) ལོ་ནས་མེ་སྤྲེལ (༡༩༥༦) ལོ་བར་དུ་རྟག་བརྟན་མི་འགྱུར་ཕོ་བྲང་མ་ལག་དང་བཅས་པ་གསར་སྐྲུན་མཛད་པ་དེ་ནི་ཡང་རྩེར་སོན་པའི་བོད་ཀྱི་བཟོ་བཀོད་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་ནས་གྲུབ་པ་ཇི་བཞིན་བརྗིད་ཆགས་ལ་བཀོད་པ་མཛེས་པ་སྒྱུ་རྩལ་གྱི་གཟི་འོད་རབ་ཏུ་འབར་བ་ཞིག་ཡོད། ནོར་གླིང་འདི་ཉིད་དང་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་གསར་བཞེངས་མཛད་འགོ་ཚུགས་པ་ནས་མཐར་སྐུ་ཕྲེང་བཅུ་བཞི་པས་རྟག་བརྟན་མི་འགྱུར་ཕོ་བྲང་གསར་སྐྲུན་ལེགས་གྲུབ་ཟིན་པའི་་བར་དུས་ཡུན་མི་ལོ་ཉིས་བརྒྱ་ཙམ་སོང་རིང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་དང་རྒྱ་སྐྱེད་བར་མ་ཆད་པ་མཛད་ནས་ད་ལྟའི་ཁྱོན་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་སུམ་འབུམ་དྲུག་ཁྲི་ཡོད་པའི་བརྗིད་ཆགས་ཡིད་འོང་གི་ནོར་བུ་གླིང་གའི་རྣམ་པ་གྲུབ་ཅིང་། བསྐལ་བཟང་ཕོ་བྲང་དང་། སྤྱན་གསལ་ཕོ་བྲང་། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ནི་ནོར་གླིང་དུ་ཆོས་སྲིད་ཀྱི་མཛད་སྒོ་གནང་ཡུལ་ཕོ་བྲང་གཙོ་བོ་ཁག་ཡིན། བསྐལ་བཟང་ཕོ་བྲང་དང་སྤྱན་གསལ་ཕོ་བྲང་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་ཁྱད་ཆོས་མཚོན་པའི་ཐོག་བརྩེགས་གསུམ་ལྡན་གྱི་བཟོ་སྐྲུན་དངོས་པོ་ཡིན་པ་དང་། ཐོག་བརྩེགས་གཉིས་ལྡན་གྱི་རྟག་བརྟན་མི་འགྱུར་ཕོ་བྲང་ནི་བཞེངས་པའི་དུས་ཚོད་ཅུང་ཕྱི་བས་བོད་ལུགས་ཀྱི་བཟོ་བཀོད་རྣམ་པ་ཕུན་སུམ་ཚོགས་པའི་ཁར་དེང་རབས་ཀྱི་བཟོ་སྐྲུན་ལག་རྩལ་བསྡུ་ལེན་གང་ལེགས་བྱས་ནས་བསྐྲུན་པ་ཞིག་ཡིན་སྟབས་ཕོ་བྲང་དེར་གཞན་དང་མི་འདྲ་བའི་བཟོ་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། ཕོ་བྲང་དེ་དག་གི་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་དང་སྐུའི་ཉེར་ཆས། ཆོས་སྲིད་ཀྱི་མཛད་སྒོ་གནང་ཡུལ་སོགས་ཆ་ཚང་པོ་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་དུས་སྐབས་སོ་སོར་བསྐྲུན་པའི་ནང་རྟེན་རིག་དངོས་རྩ་ཆེན་དང་། ལོ་རྒྱུས་དང་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་ལྡེབས་རིས་གསོན་ཉམས་ལྡན་པ་སོགས་མཇལ་སྤྲོ་ལ་དང་བ་འདྲེན་པ་ཞིག་ཡོད་དོ།།

2. dung dkar bod rig pa'i tshig mdzod chen mo

ནོར་གླིང་ནི་གནའ་བོའི་གྲོང་ཁྱེར་ལྷ་སའི་གཡུའི་ཕྲ་ཚོམ་ཞིག་དང་འདྲ་བས་ལྗོངས་ནང་ཁུལ་ཙམ་མ་ཟད། རྒྱལ་ཁབ་ཕྱི་ནང་གི་སྐྱེ་བོ་དུ་མའི་སེམས་པ་དབང་མེད་དུ་འགུགས་པའི་གནས་མཆོག་མཛེས་སྡུག་ལྡན་པ་ཞིག་ཡིན། གནའ་བོའི་སུ་ད་ལྟའི་ནོར་གླིང་ཆགས་ཡུལ་དེ་ནི་གླ་བ་ལ་སོགས་པའི་ནགས་ཚལ་སྟུག་པར་དཀྲིགས་པའི་དབུས་སུ་དྭངས་ཤིང་གཙང་བའི་ཆུ་ཕྲན་ལྷུང་ལྷུང་དུ་བབས་པ་དང་འདབ་ཆགས་སྣ་ཚོགས་སྐད་སྙན་འགྱུར་ཞིང། རི་དྭགས་དང་གཅན་གཟན་ཡང་ཐར་ཐོར་དུ་གནས་པའི་རང་བྱུང་གི་གནས་དབེན་ཞིང་ཉམས་དགའ་བ་ཞིག་ཡི་པ་དེར་གནའ་དུས་སུ་གླ་བ་ཚལ་དུ་འབོད། དེ་སྔ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་དབྱར་དུས་སུ་གནས་དེར་དབུ་གུར་ཕུབ་ནས་ཆབ་ཞུགས་སྤྲོ་གསེང་ལ་བྱོན་མྱོང་བ་དང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ཐོག་མ་འབྲས་སྤུངས་སུ་བཞུགས་པའི་སྐབས་གནས་དེར་ཆབ་ཞུགས་འཕྲོད་བཞེས་གནང་གི་ཡོད་པས་ཁོང་གིས་སྲིད་དབང་བཞེས་རྗེས་སྐུ་ཚེའི་སྨད་དུ་ཞབས་ལ་འབམ་འགྲུམ་གྱི་སྙུན་གཞི་ཕོག་པར་བརྟེན། དེར་ཆབ་ཞུགས་དང་ཆབ་རྫིང་བཟོ་སྐྲུན་བྱས་ནས་ཆབ་བཞེས་ཐེངས་མང་གནང་བས་སྙུན་གཞིར་ཕན་འབྲས་ཐོན། རབ་བྱུང་བཅུ་གསུམ་པའི་ཤིང་ཕག་(༡༧༥༥)ལོར་ཆབ་ཞུགས་མཛད་ཡུལ་གྱི་ཤར་ངོས་སུ་ཕོ་བྲང་ཐོག་ཚད་གཉིས་ཡོད་པ་ཞིག་གསར་སྐྲུན་མཛད་པར་རྒྱལ་བའི་མཚན་དེ་ཕོ་བྲང་ཐོགས་ནས་བསྐལ་བཟང་ཕོ་བྲང་དུ་གྲགས། དེ་ནི་ནོར་གླིང་དུ་ཕོ་བྲང་སྐྲུན་པའི་ཐོག་མ་ཡིན་ཞིང། དུས་དེ་ནས་བཟུང་དབེན་ཞིང་ཉམས་དགའི་ནོར་གླིང་དེ་ཉིད་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་སྐུ་ན་ཆུང་ངུའི་སྐབས་གསན་བསམ་མཛད་ཡུལ་དང་སྲིད་དབང་བཞེས་རྗེས་ཀྱི་དབྱར་དུས་བཞུགས་གནས་སུ་གྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའིསྐབས་སུ་བསྐལ་བཟང་ཕོ་བྲང་བྱང་ངོས་སུ་ཆོས་ར་དང། མཚོ་དཀྱིལ་ཕོ་བྲང་ཀླུ་ཁང་དང་བཅས་པ། ནུབ་ངོས་ཀྱི་གྲུ་འཛིན་ཕོ་བྲང། ཕོ་བྲང་དེ་དག་གི་མཐའ་འཁོར་ལྕགས་རི་སེར་པོ་བཅས་གསར་བསྐྲུན་གནང་ཞིང་ར་བའི་ནང་དུ་མེ་ཏོག་དང་ཤིང་སྣ་འབོར་ཆེན་འདེབས་འཛུགས་གནང་བ་བཅས་ཀྱི་ནོར་གླིང་འདི་ཉིད་ཡིད་དུ་འོང་བའི་སྐྱེད་ཚལ་ཞིག་ཏུ་གྱུར། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་རིན་བྱོན་གྱི་སྐབས་སུ་ཉམས་གསོ་དང་ཁ་སྣོན་གང་འཚམས་མཛད་པ་དང། ལྷག་པར་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོའི་སྐབས་ནོར་གླིང་དུ་གཞི་ཁྱོན་ཆེ་བའི་བཟོ་སྐྲུན་རྒྱ་སྐྱེད་གནང་སྟེ་ཐོག་མར་བསྐལ་བཟང་ཕོ་བྲང་དང་མཚོ་དཀྱིལ་ཕོ་བྲང་ལྗོངས་ཁུལ་ཁག་གཉིས་ལ་ཉམས་གསོ་རྒྱ་བསྐྱེད་གནང་སྟེ་སྐལ་བཟང་ཕོ་བྲང་ཡང་སྟེང་ཐོག་སོ་གཅིག་སྤར་སྟེ་སུམ་སྟེ་སུམ་ཐོག་གི་གཟིམ་ཆུང་གསར་བཞེངས་དང། མཚོ་དཀྱིལ་ཕོ་བྲང་གི་ཆུ་རྫིང་རྒྱ་སྐྱེད་ཐོག་རྒྱ་རྡོའི་རགས་རྩིག་དང་སྒྲོམ་སྐྱོར་གསར་སྐྲུན་མཛད། སླར་རབ་བྱུང་བཅོ་ལྔའི་ཆུ་ཁྱི་(༡༩༢༢)ལོ་ནས་དབུ་འཛུགས་ཀྱིས་ནོར་གླིང་ནུབ་ངོས་ཀྱི་ས་སྟེང་ཐོག་སྤྱན་གསལ་ཕོ་བྲང་དང། སྐལ་བཟང་ཕོ་བྲང། བསྐལ་བཟང་བདེ་འཁྱིལ་ཕོ་བྲང་མ་ལག་བཅས་པ་གསར་སྐྲུན་མཛད་པ་མ་ཟད་ནོར་གླིང་ཁོར་ཡུག་གི་ལྕགས་རི་ཆེན་མོ་ཡང་ལེགས་པར་བསྐྲུན་ཏེ་ནོར་གླིང་གི་གཞི་ཁྱོན་སྔར་བས་ཆེ་བ་དང་ལྷག་པར་ཕུན་སུམ་ཚོགས་པར་གྱུར། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོའི་སྐབས་ཐོག་མར་སྔོན་གྱི་རྨང་གཞིའི་ཐོག་ཕོ་བྲང་ཁམས་གསུམ་ཟིལ་གནོན་རྒྱས་སྐྲུན་གནང་བ་དང། རབ་བྱུང་བཅུ་དྲུག་པའི་ཤིང་རྟ་(༡༩༥༤)ལོ་ནས་མེ་སྤྲེལ་(༡༩༥༦)ལོ་བར་དུ་རྟག་བརྟན་མི་འགྱུར་ཕོ་བྲང་མ་ལག་དང་བཅས་གསར་སྐྲུན་མཛད་པ་དེ་ནི་ཡར་རྩེར་སོན་པའི་བོད་ཀྱི་བཟོ་བཀོད་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་ནས་གྲུབ་པ་ཇི་བཞིན་བརྗིད་ཆགས་པ་བཀོད་པ་མཛེས་པ་སྒྱུ་རྩལ་གྱི་གཟི་འོད་རབ་ཏུ་འབར་བ་ཞིག་ཡོད། ནོར་གླིང་འདི་ཉིད་དང་ཐོག་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་གསར་བཞེངས་མཛད་འགོ་ཚུགས་པ་ནས་མཐར་སྐུ་ཕྲེང་བཅུ་བཞི་པས་རྟག་བརྟན་མི་འགྱུར་ཕོ་བྲང་གསར་སྐྲུན་ལེགས་གྲུབ་ཟིན་པའི་བར་དུས་ཡུན་མི་ལོ་ཉིས་བརྒྱ་ཙམ་སོང་རིང་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་ཉམས་གསོ་དང་རྒྱ་སྐྱེད་བར་མ་ཆད་པ་མཛད་ནས་ད་ལྟའི་ཁྱོན་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་སུམ་འབུམ་དྲུག་ཁྲི་ཡོད་པའི་བརྗིད་ཆགས་ཡིད་འོང་གི་ནོར་བུ་གླིང་གའི་རྣམ་པ་གྲུབ་ཅིང་། བསྐལ་བཟང་ཕོ་བྲང་དང། སྤྱན་གསལ་ཕོ་བྲང། རྟག་བརྟན་མི་འགྱུར་ཕོ་བྲང་བཅས་ནི་ནོར་གླིང་དུ་ཆོས་སྲིས་ཀྱི་མཛད་སྒོ་གནང་ཡུལ་གཙོ་བོ་ཁག་ཡིན། བསྐལ་བཟང་ཕོ་བྲང་དང་སྤྱན་གསལ་ཕོ་བྲང་ནི་ཐུན་མོང་མ་ཡིན་པའི་བོད་ཀྱི་བཟོ་བཀོད་སྒྱུ་རྩལ་གྱི་ཁྱད་ཆོས་མཚོན་པའི་ཐོག་བརྩེགས་གསུམ་ལྡན་གྱི་བཟོ་སྐྲུན་དངོས་པོ་ཡིན་པ་དང། ཐོག་བརྩེགས་གཉིས་ལྡན་གྱི་རྟག་བརྟན་མི་འགྱུར་ཕོ་བྲང་ནི་བཞེངས་པའི་དུས་ཚོད་ཅུང་ཕྱི་བས་བོད་ལུགས་ཀྱི་བཟོ་བཀོད་རྣམ་པ་ཕུན་གསུམ་ཚོགས་པའི་ཁར་དེང་རབས་ཀྱི་བཟོ་སྐྲུན་ལག་རྩལ་བསྡུ་ལེན་གང་ལེགས་བྱས་ནས་བསྐྲུན་པ་ཞིག་ཡིན་སྟབས་ཕོ་བྲང་དེར་གཞན་དང་མི་འདྲ་བའི་བཟོ་རྩལ་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཡོད། ཕོ་བྲང་དེ་དག་གི་ནང་དུ་ཏཱ་ལའི་བླ་མ་སྐུ་ཕྲེང་རིན་བྱོན་གྱི་བཞུགས་གནས་དང་སྐུའི་ཉེར་ཆས། ཆོས་སྲིད་ཀྱི་མཛད་སྒོ་གནང་ཡུལ་སོགས་ཉམས་གསོ་རྒྱས་སྐྲུན་བྱས་པ་བརྒྱུད་གྲ་གྱེས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ཅིང། ནོར་གླིང་གི་ཡུལ་ལྗོངས་མཛེས་ཤོས་ནི་ལྕགས་རི་གསེར་པོའི་ནང་གི་མཚོ་དཀྱིལ་ཕོ་བྲང་ཁུལ་དུ་ཡིན། གནས་དེར་སྔོ་ཞིང་དྭངས་པའི་མཚེའུའི་དབུས་སུ་གསེར་མདོག་ཅན་གྱི་ཕོ་བྲང་གི་རྒྱ་ཕིབས་ཤིང་ལོའི་ཁྲོད་ནས་གསེར་འོད་ཆེམ་ཆེམ་འཕྲོ་བ་དང། མཚེའུའི་མཐའ་འཁོར་དུ་གནམ་ལ་བསྙེགས་པའི་ལྗོན་ཤིང་སྡོང་པོ་དང་མཚར་སྡུག་བཀྲ་བའི་མེ་ཏོག་གིས་ཡོངས་སུ་བསྐོར་བས་མི་རྣམས་ནེའུ་སིང་ཁྲོད་ཀྱི་ལམ་བུའི་སྟེང་ནས་སྐྱོད་པའི་སྐབས་ལྷ་གནས་ཀྱི་སྐྱེད་ཚལ་དུ་སླེབས་པ་ལྟ་བུའི་སྣང་བ་འཆར་ཐུབ། ནོར་གླིང་དུ་ད་དུང་ལྷ་ས་ཁུལ་དུ་སྐྱེ་མཚར་བྱེད་པའི་རྩི་ཤིང་འདྲ་མིན་མང་དག་འདེབས་གསོ་བྱས་ཡོད་པ་ཕུད། ས་ཁུལ་གཞན་དང་རྒྱལ་ཁབ་ཕྱི་ནས་སྤོ་འདེབས་བྱས་པའི་ངོ་མཚར་ཅན་གྱི་རྩི་ཤིང་མེ་ཏོག་སྣ་ཚོགས་ཡོད་པར་རགས་རྩིས་ལྟར་ན་རྩི་ཤིང་རིགས་མི་འདྲ་བ་བརྒྱ་དང་བཅུ་ལྷག་ཙམ་ཡོད་འདུག་པས་ནོར་གླིང་ནི་ས་མཐོའི་སྟེང་གི་རྩི་ཤིང་ར་བ་གཅིག་ཏུ་བརྩིས་ཀྱང་མི་འོས་པ་མེད། ནོར་གླིང་དུ་སྔར་ཡོད་སྤྱན་གཟིགས་སྣ་ཚོགས་ཀྱི་ཁར་དུས་ཕྱིས་ཤ་བའི་ར་བ་དང། སྤྲེའུའི་ཚོགས་གནས་པའི་བཅོམ་མའི་བྲག་རི། མེ་ཏོག་གི་ར་བ་སོགས་པའི་འབྲས་བུ་གཡུར་དུ་ཟ་བ་ཞིག་ཡིན་པ་དང་དེ་ཉིད་ཕྱོགས་བསྡུས་དངོས་མང་མཤམ་སྟོན་ཁང་ཞིག་དང་འདྲ་བར་གནས་དེར་བལྟ་སྐོར་ལ་ཕེབས་མི་ཚོར་བོད་ཀྱི་ལོ་རྒྱུས་དང། རིག་གནས། སྒྱུ་རྩལ་སོགས་ཕྱོགས་གང་ས་ནས་རང་རང་གི་དགོས་མཁོ་དང་མཐུན་པའི་ཤེས་བྱའམ་ཤེས་རྟོགས་མི་ཉུང་བ་ཞིག་ཡོང་རྒྱུ་ངེས་ཅན་ལགས།

Phoneme: