Skip to main content Skip to search
rgyal ba bskal bzang rgya mtsho/
ID:
T39474
  • རྒྱལ་བ་བསྐལ་བཟང་རྒྱ་མཚོ (Tibetan, Tibetan script, Original)
    • >  rgyal ba bskal bzang rgya mtsho/ (Tibetan, Latin script, Transliteration-THL Extended Wylie Transliteration)
    • >  gyelwa kelzang gyamtso (Tibetan, Latin script, Transcription-THL Simplified Tibetan Transcription)

Dalai lama vii, 1708-1857

Subjects

(ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ) ཁོང་ནི་རྒྱལ་བ་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་མཚན་སྙན་ཧ་ཅང་ཆེ་བའི་གྲས་ཤིག་ཡིན། འཁྲུངས་ཡུལ་ནི་མདོ་ཁམས་ལི་ཐང་བྱམས་པ་གླིང་གི་ལྷ་ཞོལ་དུ་རབ་བྱུང་བཅུ་གཉིས་པའི་ས་བྱི (༡༧༠༨) ལོར་ཡབ་བསོད་ནམས་དར་རྒྱས་དང་ཡུམ་བསོད་ནམས་ཆོས་མཚོ་གཉིས་ཀྱི་སྲས་སུ་འཁྲུངས་། དགུང་ལོ་ལྔ་བཅུ་པ་མེ་གླང་ལོར་སྐུ་གཤེགས། ལི་ཐང་ཆོས་སྐྱོང་ནས་རྒྱལ་བའི་ཡང་སྲིད་ཡིན་པའི་ལུང་བསྟན་བཞིན་སྐུ་ཞང་ཨ་དགེ་བཀྲ་ཤིས་ནས་སྐལ་བཟང་རྒྱ་མཚོ་ཞེས་མཚན་གསོལ། གནས་ཚུལ་དེ་རིམ་བཞིན་དབུས་གཙང་དུ་ཁྱབ་རྗེས། རྒྱལ་པོ་ལྷ་བཟང་གིས་ཕྱོགས་དེར་ལྐོག་ཉན་བྱེད་མི་མདའ་དཔོན་ནོར་བུ་དངོས་གྲུབ་ཅན་མི་གཉིས་བཏང་། མདའ་དཔོན་ནོར་བུ་དངོས་གྲུབ་ཀྱིས་འདི་ཚངས་དབྱངས་རྒྱ་མཚོའི་སྐུ་སྐྱེ་ཡིན་ཞེས་བརྗོད་ན་ཕན་ཐོགས་མེད་ཅེས་ཡོངས་གྲགས་སུ་བརྗོད་པ་དང་གསང་བའི་ཐོག་ནས་སྐུ་སྐྱེ་འདི་ས་ཁུལ་གཞན་ཞིག་ཏུ་གདན་ཞུ་བྱས་ན་ལེགས་ཚུལ་བསླབ་བྱ་ཡང་པར་བརྟེན་དེ་ནུབ་རང་ཡབ་ཀྱིས་འབྲོག་པའི་ས་ཆར་གདན་དྲངས་ཤིང་། དེ་ནས་ཤིང་རྟ (༡༧༡༤) ལོའི་ཟླ་༣་ཚེས་༡༤་ཉིན་སྡེ་དགེར་གདན་ཞུ་བྱས། སྡོམ་པ་གསུང་གྱི་བསླབ་ཁྲིམས་གཙང་མར་སྲུང་བ། ཐུགས་རྒྱུད་བཟང་ཞིང་ཉམས་ཐག་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེ་བ། དགེ་ལུགས་པའི་བསྟན་པའི་བདག་པོར་བཞུགས་ཀྱང་ཆོས་ལུགས་གྲུབ་མཐའི་ཕྱོགས་རིས་མེད་པ། དཔལ་འབྱོར་རྒྱ་ཆེན་པོ་ལ་མངའ་བརྙེས་ཀྱང་རྒྱས་སྤྲོས་གཏན་ནས་མི་མཛད་པ། མན་ཆིང་གོང་མ་སོགས་མཆོག་དམན་ཀུན་གྱིས་གུས་བཀུར་ཞུས་ཀྱང་ཁེངས་དྲེགས་ཀྱི་རྣམ་འགྱུར་གཏན་ནས་མི་མངའ་བ་བཅས་ཡིན་སྟབས་རྒྱ་སོག་བོད་གསུམ་གྱིས་གནས་ཡོངས་ལ་མཚན་སྙན་གྱིས་ཡོངས་སུ་ཁྱབ་པ་ཞིག་ཡིན།

Subjects

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ས་ཕོ་བྱི་ལོ་སྟེ་སྤྱི་ལོ 1708 ལོར་ཁམས་ལི་ཐང་དུ་ཡབ་བསོད་ནམས་དར་རྒྱས་དང་། ཡུམ་བློ་བཟང་ཆོས་འཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རབ་བྱུང་བཅུ་གསུམ་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ 1757 ལོར་སྐུ་གཤེགས། ལྷ་བཟང་ཧན་ལ་[380]དོགས་ནས་ཁམས་སྡེ་དགེ་བརྒྱུད་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་ཀུན་དགའ་རྣོར་དུ་བཞུགས། དགུང་ལོ་བརྒྱད་པར་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་ཏེ་ནོ་མིན་ཧན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་མདུན་ནས་ཐོག་མར་དགེ་བསྙེན་གྱི་སྡོམ་པ་མནོས། དགུང་ལོ་བཅུ་གཉིས་པར་གོང་མ་བདེ་སྐྱིད་རྒྱལ་པོའི་སྲས་དཔོན་འཁོར་དང་དཔུང་ཚོགས་སྟོང་ཕྲག་གསུམ་དང་བཅས་སྐུ་འབུམ་དུ་ཕེབས་ཏེ་བོད་དུ་གདན་ཞུ་བྱ་རྒྱུའི་བཀའ་ལུང་བསྒྲགས། བསྟན་པ་རྒྱས་ཤིང་འགྲོ་བ་འདྲེན་པ་ཏཱ་ལའི་བླ་མ་དྲུག་པ་ཞེས་པའི་གསེར་གྱི་ཐམ་ཀ་མན་ཇུ་དང་། སོག་པོ། བོད་གསུམ་གྱི་ཡི་གེ་ཡོད་པ་ཞིག་དང་། གསེར་སྲང་བརྒྱ་དང་ལྔ་བཅུ་ལས་གྲུབ་པའི་འཇའ་ས་བཅས་བསྩལ། ལོ་དེར་དབུས་སུ་ཕེབས་ནས་པོ་ཏཱ་ལའི་ཕོ་བྲང་ཆེན་པོའི་ཁྲི་ལ་མངའ་གསོལ་ཏེ་མཛད་སྒོ་གཟབ་ཅིང་རྒྱས་པར་མཛད། དེ་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། དགའ་ལྡན་ཁྲི་ཟུར་བློ་བཟང་དར་རྒྱས་ཡོངས་འཛིན་དུ་བསྟེན་ཏེ་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་སློབ་གཉེར་ལེགས་པར་མཛད། དགུང་ལོ་བཅུ་དྲུག་པར་གོང་མ་གཡུང་ཊིང་གིས་ “ནུབ་ཕྱོགས་མཆོག་ཏུ་དགེ་བའི་ཞིང་གི་རྒྱལ་དབང་ས་སྟེང་རྒྱལ་བསྟན་ཡོངས་ཀྱི་བདག་པོ་ཐམས་ཅད་མཁྱེན་པ་བཛྲ་དྷ་ར་ཏཱ་ལའི་བླ་མ” ཞེས་ཡིག་རིགས་བཞིས་སྤྲས་ཀྱི་གསེར་ཐམ་བསྩལ་ཏེ་བོད་ཀྱི་ཆོས་སྲིད་མཐའ་དག་གཟིགས་སྐྱོང་དགོས་པའི་བཀའ་ལུང་ཐོབ། དགུང་ལོ་བཅུ་བདུན་པར་པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཞེས། དགུང་ལོ་བཅུ་དགུ་པར་བཀའ་བློན་ནང་ཁུལ་[381]མ་འཆམ་པར་བརྟེན་བོད་དུ་དུས་ཟིང་བྱུང་སྟབས་གོང་མས་ཁོང་གི་བདེ་འཇགས་ལ་དགོངས་ནས་ལི་ཐང་དུ་ཕེབས་དགོས་པའི་བཀའ་ལུང་བྱུང་། དེ་ནས་ལྷོ་ལམ་བརྒྱུད་ཀོང་པོ་རྒྱ་མདའ། ལྷ་རི་འགོ ཤོ་པ་མདོ། འབའ་ཐང་སོགས་ནས་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དུ་ཕེབས། གོང་མའི་མཛོད་ནས་དངུལ་སྲང་ཁྲི་ཕྲག་བཅུ་བཞིའི་མཐུན་རྐྱེན་སྦྱར་ཏེ་མགར་ཐར་དུ་གཙུག་ལག་ཁང་བླ་བྲང་དང་བཅས་རྒྱ་ཆེ་གསར་སྐྲུན་མཛད། དེ་མུར་ལོ་ངོ་ལྔ་ཙམ་བཞུགས་རིང་རྒྱུད་སྨད་མཁན་པོ་ངག་དབང་མཆོག་ལྡན་གྱི་དྲུང་ནས་དབང་ལུང་མན་ངག་སོགས་ཀྱི་ཆོས་བཀའ་མང་པོ་གསན། དགུང་ལོ་ཉེར་བདུན་པར་བྱང་ལམ་བརྒྱུད་ནས་དབུས་སུ་ཕེབས། དེ་ནས་ལོ་ངོ་བཅོ་ལྔའི་རིང་དུ་པཎ་ཆེན་བློ་བཟང་ཡེ་ཤེས་དང་། ཞྭ་ལུ་མཁན་པོ་ངག་དབང་ཡོན་ཏན་འབྱུང་གནས་བཅས་ཡོངས་འཛིན་དུ་བསྟེན་ནས་མདོ་སྔགས་རིག་གནས་བཅས་པར་ལེགས་པར་སྦྱངས་པས་མཁས་པའི་བདག་པོར་གྱུར། དགུང་ལོ་ཞེ་གསུམ་པར (སྤྱི་ལོ 1751) བོད་དུ་བཀའ་ཤག་སྲིད་གཞུང་དངོས་སུ་བཙུགས་ནས་ཆོས་སྲིད་གཉིས་ཀྱི་མངའ་བདག་ཏུ་གྱུར། དགུང་ལོ་ཞེ་ལྔ་པར་རྩེ་སློབ་གྲྭ་གསར་འཛུགས་མཛད། དགུང་ལོ་ཞེ་བདུན་པར་སྐལ་བཟང་ཕོ་བྲང་གསར་བསྐྲུན་མཛད། སྐུ་ཚེ་ཧྲིལ་པོར་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ནས་དུས་འདའ་བར་མཛད་དོ། ཆན་ལུང་གོང་མས་སྤྱི་ལོ 1780 ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཏཱ་ལའི་སྐུ་ཕྲེང་དྲུག་པ་ནས་ཏཱ་ལའི་སྐུ་ཕྲེང་བདུན་པར་ཆོག་མཆན་བཀོད། ཁོང་གི་གསུང་རྩོམ་ནི་རྣམ་ཐར་དང་། ཐོབ་ཡིག ཆོ་གའི་རྣམ་[382]བཤད། འཁྲིད་ཡིག བརྒྱུད་འདེབས། སྒྲུབ་ཐབས། དབང་བཤད། ཤིག་བརྗོད་བཅས་ཆོས་ཚན་ལྔ་བཅུ་ང་བཞིར་བཞུགས་སོ། །

Subjects

Other Dictionaries

Other Dictionaries

Phoneme: